ཁྲི་སྲོང་ལྡེའུ་བཙན།
༥༥༽ རྒྱལ་པོ་དང་ཆབས་ཅིག་མཁན་པོ་ཡེ་ཤེས་བཟང་པོ། བཻ་རོ་ཙ་ན། མཁར་ཆེན་བཟའ་མཚོ་རྒྱལ་སོགས་སྐལ་ལྡན་རྗེ་འབངས་ཉེར་ལྔ་ཡང་སྔགས་ལམ་ལ་ཞུགས་པས་རིམ་བཞིན་ཚང་མ་གྲུབ་པ་ཐོབ།
༥༦༽ སྐབས་དེ་ཙམ་ཞིག་ན། བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་བཻ་རོ་ཙ་ན་ལ་སེམས་པ་ཤོར་ནས། མཚན་གཅིག་རང་འགྲོགས་རྒྱུ་བྱུང་ན་བསམ་ཞིང་གོ་སྐབས་ཡོད་ཚད་ལ་ཆགས་ཉམས་སྣ་ཚོགས་བསྟན།
༥༧༽ ཉིན་ཞིག བཅུན་མོས་བཙན་པོ་མི་བཞུགས་པའི་སྐབས་དང་བསྟུན་ནས། བཻ་རོ་ཙ་ནའི་སར་བཅར་ནས་བཙན་པོས་ཕོ་བྲང་དུ་གདན་འདྲེན་གྱིན་འདུག་ཅེས་དབུ་བསྐོར་ནས་མོ་རང་གི་གཟིམ་ཁང་དུ་བསུས།
༥༨༽ དེར་ཞལ་ཟས་སོགས་བཤམས་ཏེ། གུས་པས་ཞབས་ལ་ཕྱག་འཚལ་བཞིན། དེ་རིང་འདི་རུ་སུ་ཡང་མེད། ཁོ་མོ་ཁྱེད་ལ་དགའ་ཞིང་ཆགས་པས། ལན་ཅིག་ཁོ་མོའི་འདོད་པ་སྐོང་གནང་འཚལ། ཞེས་ཞབས་ལ་འཐམས།
༥༩༽ དགེ་སློང་རབ་ཏུ་དངངས་ཤིང་འདར། དེ་འདྲ་མ་གནང་ཞེས་ཞུས་ཀྱང་འཐམས་ནས་མ་བཏང་བས། འོ་ན། ང་ཆབ་གསང་ལ་ལན་གཅིག་སོང་ནས་འོང་ཞེས་སྨྲས་པས་དགའ་ནས་བཏང༌།